ཕྱི་ནང་གི་གྲུབ་མཐའི་སྐོར་རོབ་ཙམ་གླེང་བ།
སྔོན་གླེང་གི་གཏམ།

མིའི་རིགས་ལ་ལོ་རྒྱུས་ཀྱི་དབུ་ཁྱུད་བཀོད་པ་ནས་བཟུང་ཤེས་རིག་གི་སྦྱང་བརྩོན་ཕྱིར་དུ་སྲོག་དང་བསྡོས་པའི་འཐབ་འཛིང་མཚམས་འཇོག་བྱས་མྱོང་མེད་ལ་བྱེད་ཀྱང་མི་སྲིད་པར་སྙམ། འདི་ནི་འགྲོ་བ་མིའི་རིགས་ཀྱི་ཆེས་རླབས་ཆེ་བའི་ཤེས་རིག་ལ་དུང་བའི་འཚོལ་སྙེག་ཅིག་ཡིན་པར་གདོན་མི་ཟ། དེ་འདྲའི་འགག་འཕྲང་གི་ལམ་ཁ་བརྒྱུད་པའི་ས་སྒང་རིལ་མོ་འདིའི་ཤེས་རིག་ཕལ་མོ་ཆེ་ཡིས་ཆེས་ཟབ་བརླིང་གི་དོན་རྒྱ་ཆེན་པོ་ཞིག་རྩོལ་མེད་དུ་འགྲོལ་གྱིན་ཡོད་པ་ལྟ་ཅི་སྨོས། དེ་བས་མཐའ་མེད་པའི་ཤེས་རིག་གི་ཀློང་རིམ་ན་སྐབས་བབས་ཀྱི་གླེང་བར་འདོད་པ་ནི་ཕྱི་ནང་གི་གྲུབ་མཐའི་སྐོར་ཡིན་མོད། འོན་ཀྱང༌། ཁོ་བོ་རྨོངས་མུན་གྱི་སྒྲོག་ཏུ་ཚུད་ནས་དེའི་སྐོར་གང་ཡང་མི་ཤེས་ཀྱང༌། ཡུལ་དུས་ཀྱི་དབང་གིས་སྐབས་འདིར་ཕྱི་ནང་གི་གྲུབ་མཐའ་སྨྲ་བའི་རིགས་མི་འདྲ་བ་ཇི་ཡོད་དང༌། དེ་དག་གི་ལྟ་གྲུབ་གཙོ་བོ་གང་ཡིན་འདི་ལྟར་གླེང་བར་སྤྲོ་སྟེ།


དང་པོ། ཕྱི་རོལ་བའི་གྲུབ་མཐའི་སྐོར་གླེང་བ།
ནང་བསྟན་རིག་པའི་གླེགས་བམ་ཁྲོད་ན་རང་སྡེ་ནང་བསྟན་འདི་ལས་ཕྱི་རོལ་དུ་ཕྱོགས་ཏེ་འཇིག་རྟེན་པའི་ཤེས་རབ་ཀྱིས་དངོས་པོའི་གནས་ལ་དཔྱོད་ཀྱང་ལུགས་མཐུན་གྱི་ཐར་བའི་རྗེས་སུ་མཐུན་པའི་ལམ་མེད་
པས་ན་ཕྱི་རོལ་པ་དང༌། ཡང་ན། ལྟ་བ་དཀར་བཏགས་ཀྱི་ཕྱག་བརྒྱ་བཞི་དང་དཀོན་ཅོག་གསུམ་སྐྱབས་གནས་ཡང་དག་དུ་ཁས་ལེན་མཁན་དེ་ལ་ནང་པ་དང་དེ་ལས་གཞན་ལ་ཕྱི་རོལ་པ་ཞེས་བརྗོད། ཕྱི་རོལ་བའི་གྲུབ་མཐའ་སྨྲ་བ་ལ་དབྱེ་ན་མཐའ་ཡས་ཀྱང་མདོར་བསྡུས་ན་རྟོག་གེ་སྡེ་ལྔ་དང་རྩ་བའི་སྡེ་དྲུག་ཅེས་འདོད་ཚུལ་འདྲ་མིན་གྱི་དབང་གིས་ཐག་ཆོད་ཀྱི་སྡོམ་ཚིག་ཅིག་མེད་པར་སྙམ། དེར་བརྟེན། ཁོ་བོས་རྟོག་གེ་སྡེ་སྔེ་ལྔའི་སྐོར་ལ་མདོར་ཙམ་གླེང་ན།
༡༽ ཁྱབ་འཇུག་པ་ནི་ལྷ་ཆེན་པོ་ཁྱབ་འཇུག་སྟོན་པར་ཁས་ལེན་པའི་མུ་སྟེགས་ཀྱི་གྲུབ་མཐའ་སྨྲ་བ་ཞིག་ཡིན་ལ། སྣོད་བཅུད་ཐམས་ཅད་ལ་ཁྱབ་པས་ཁྱབ་དང༌། འཇུག་པ་བཅུའི་སྒོ་ནས་བྱ་བ་ལ་འཇུག་པས་འཇུག་ཀྱང་ཟེར། ཁྱབ་འཇུག་སྨྲ་བའི་ལྟ་གྲུབ་གཙོ་བོ་ནི། རྟག་པ་ཆ་མེད་ཀྱི་བདག་ཁས་ལེན་ཅིང༌། གྲོལ་བྱེད་ཀྱི་ལམ་ནི་ཡི་གེ་ཨོམ་བསྒོམས་པ་དང་རླུང་བུམ་པ་ཅན་བསྒོམས་པ་སོགས་ཡོད་པ་དང་འཁོར་བ་ལས་ཐར་རྒྱུ་ཡོད་པར་ཁས་ལེན་པས་ཐར་བ་ཁས་ལེན་མཁན་གྱི་གྲས་ཡིན།
༢༽དབང་ཕྱུག་པ་ནི་ལྷ་དབང་ཕྱུག་སྟོན་པ་སྐྱབས་གནས་ཡང་དག་ཏུ་ཁས་ལེན་མཁན་གྱི་གྲུབ་མཐའ་སྨྲ་བ་ཞིག་ཡིན། དབང་ཕྱུག་པའི་ལྟ་གྲུབ་གཙོ་བོ་ནི། ༡)གཞི་ནི་སྣོད་བཅུད་ཐམས་ཅད་ལྷ་དབང་ཕྱུག་གིས་བློ་སྔོན་དུ་བཏང་ནས་བྱས་པ་ཡིན་ཏེ། འཇིག་རྟེན་གྱི་གནས་ལུགས་ལོངས་སྤྱོད་རྣམས་ཆོས་ཅན། བྱེད་པ་པོའི་བློ་

སྔོན་དུ་སོང་སྟེ། དབྱིབས་དང་ཁ་དོག་སོགས་ཀྱི་ཁྱད་པར་ལྡན་པའི་ཕྱིར། དཔེར་ན། བུམ་པ་སོགས་བཞིན་
༡ དུང་དཀར་ཚིག་མཛོད་ཆེན་མོའི་ཤོག་ངོས་༡༥༢༨ལ་གསལ།
ཞེས་སོགས་ཀྱི་གཏན་ཚིགས་ལ་བརྟེན་ནས་བསྒྲུབས་པ་དང༌། ལམ་ནི་བུམ་པ་ཅན་གྱི་རླུང་བསྒོམས་ཏེ་བསྐལ་བའི་བར་དུ་འཆི་བ་མེད་པ་བསྒྲུབས་པ་དང༌། དབང་ཕྱུག་གི་ལིངྒའི་རྩེ་ནས་དབང་བསྒྱུར་བ་དང༌། བུད་མེད་དང་སྦྱར་ནས་ཁམས་འཛག་པའི་བདེ་བ་རྣམས་ཡིན་ཞིང༌། འབྲས་བུ་ནི་ཁམས་འཛག་པའི་བདེ་བ་ལས་ཟུང་དུ་འཇུག་པའི་ཡེ་ཤེས་སྐྱེས་པ་དང་ཐར་བར་འདོད་པའི་ ༢ཡོན་ཏན་བརྒྱད་དང་ལྡན་པ་ཡིན་པར་གསུང༌།
༣༽གྲངས་ཅན་པ་ནི་དྲང་སོང་སེར་སྐྱའི་རྗེས་སུ་འབྲངས་པའི་གྲུབ་མཐའ་སྨྲ་བ་ཡིན་ལ། གྲངས་ཅན་པའི་གྲུབ་མཐའ་གཙོ་བོ་ནི། ཤེས་བྱ་ཐམས་ཅད་གྲངས་ཉི་ཤུ་རྩ་ལྔར་ངེས་པར་འདོད་པ་དང༌། བདག་གམ་ང་ནི་རྟག་པའི་རང་བཞིན་ཡིན་པ་དང༌། ཆ་ཤས་མེད་པའི་གཅིག་བུ་དང༌། ཐོག་མ་དང་ཐ་མ་མེད་པས་མཐའ་མེད་པའི་རང་བཞིན་དུ་འདོད། ཐར་བ་འདཽད་ཚུལ་ནི། རྣམ་འབྱོར་པས་མན་ངག་བསྒཽམས་པ་ལས་བློ་ངོར་
བཞིན་དུ་འདོད། ཐར་བ་འདཽད་ཚུལ་ནི། རྣམ་འབྱོར་པས་མན་ངག་བསྒཽམས་པ་ལས་བློ་ངོར་ཀུན་རྫོབ་ཀྱི་སྣང་


༢༽ལྕང་སྐྱ་རོལ་བའི་རྡོ་རྗེའི་གྲུབ་མཐའ་ཐུབ་བསྟན་ལྷུན་པོའི་མཛེས་རྒྱན།ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་གིས་༡༩༨༩ལོར་པར་གཞི་དང་པོ་བསྐྲུན།ཤོག་ངོས་༣༥ ལ་གསལ་ཏེ།དབང་ཕྱུག་གི་ཡོན་ཏན་བརྒྱད་ནི་དབང་ཕྱུག་གིས་༡སེམས་ཅན་གྱི་འཇིག་རྟེན་སྐྱེ་འཇིག་བྱེད་པ་ཕྲ་བ་དང༌།༢སྣོད་ཀྱི་འཇིག་རྟེན་སྐྱེ་འཇིག་བྱེད་པ་ཡང་བ་དང༌།༣དེ་གཉིས་ཀ་སྐྱེ་འཇིག་བྱེད་པ་བདག་པོ་གྱུར་བ་དང༌།༤སེམས་ཅན་རྣམས་ལ་ཚར་གཅོད་རྗེས་འཛིན་གྱི་དབང་ཡོད་པས་དབང་དུ་གྱུར་བ་དང༌།༥ཡིད་ཀྱིས་གང་བསམ་པར་ཕྱིན་པས་གར་ཡང་ཁྱབ་པ་དང༌།༦འབྱུང་བོ་ཀུན་གྱིས་མཆོད་པར་གྱུར་པ་དང༌།༧ཡོན་ཏན་གསུམ་ལ་འདོད་དགུར་དབང་བསྒྱུར་བས་འདོད་རྒུར་ལྡན་པ་དང༌།༨ཐར་བ་དང་ལྷའི་ལུས་སོགས་གང་འདོད་འཐོབ་པས་དགའ་མགུར་གནས་པའོ།།
བ་ཐམས་ཅད་ལོག་སྟེ། སྐྱེས་བུ་ཡུལ་ལ་ལོངས་སྤྱོད་པ་མེད་ཅིང་བྱེད་པ་མེད་པར་གནས་པ་དེའི་ཚེ་ཐར་བ་ཐོབ་པར་འདོད་དོ།།
༣༽རྒྱང་འཕེན་པ་ནི་སྔོན་རྒྱ་གར་དུ་སངས་རྒྱས་ཆོས་ལུགས་མ་བྱུང་གོང་གི་དྲང་སྲོང་ཕུར་བུའི་རྗེས་སུ་འབྲངས་པའི་གྲུབ་མཐའ་སྨྲ་བ་ཞིག་ཡིན་ལ། རྒྱང་འཕེན་པའི་གྲུབ་མཐའ་གཙོ་བོ་ནི། ཚེར་མ་རྣོ་བ་དང༌། སྲན་མ་ཟླུན་པོ་དང༌། རྨ་བྱའི་སྒྲོ་མདངས་ཀྱི་ཁ་དོག་རྣམས་རང་བཞིན་གྱིས་བྱུང་བ་ལས་རྒྱུ་དང་རྐྱེན་གང་ཡང་མེད་པ་ལྟར་དངོས་པོ་ཐམས་ཅད་རྒྱུ་དང་རྐྱེན་གང་ཡང་མེད་པར་རང་བཞིན་གྱིས་བྱུང་བ་ཡིན་པ་དང༌། མདོར་ན། སྐྱེ་བ་སྔ་ཕྱི་དང་ལས་རྒྱུ་འབྲས། ཐར་བ་དང་ཐམས་ཅད་མཁྱེན་པ། དངོས་པོ་ཐམས་ཅད་ལ་རྒྱུ་མེད་པར་རང་བཞིན་གྱིས་བྱུང་བར་འདོད་དོ།།
༤༽གཅེར་བུ་བའི་གྲུབ་མཐའ་ནི་དེང་སང་རྒྱ་གར་ན་རྗེན་ཆོས་ལུགས་ཟེར་བའི་རྗེས་འབྲངས་པ་རྣམས་ཡིན། འདོམས་དཀྲིས་ཙམ་ཡང་མེད་པའི་གཅེར་བུ་བའི་གྲུབ་མཐའ་སྨྲ་བ་ཟེར།་གཅེར་བུ་བའི་གྲུབ་མཐའ་གཙོ་བོ་ནི།་སྲོག་ནི་བདག་ཡིན་ལ། ལུས་འཚོ་བ་ཙམ་ལས་ཡོ་བྱད་ལ་སོགས་པའི་དངོས་པོ་གང་ཡང་མི་འཛིན་པ། ཐར་བའི་ལམ་ནི་ལུས་གཅེར་བུ་དང་ངག་མི་སྨྲ་བ་དང༌། མེ་ལྔ་བསྟེན་པ་ལ་སོགས་པའི་དཀའ་ཐུབ་ཀྱི་སྤྱོད་པ་དང༌། སེམས་ཅན་གཞན་ལ་འཚེ་བ་གཏན་ནས་མི་བྱེད་པ་སོགས་ལ་བརྟེན་ནས་སྔོན་བསགས་ཀྱི་ལས་རྣམས་ཟད་པར་བྱེད་པའོ།།

གཉིས་པ། ནང་པའི་གྲུབ་མཐའི་སྐོར་གླེང་བ།
བདག་ཅག་གི་སྟོན་པ་ཤཀྱཱ་ཐུབ་པས་ཟབ་བརླིང་གི་དམ་ཆོས་གྲངས་ལས་འདས་པ་གསུངས་མོད། འོན་ཀྱང༌། དེ་དག་ཡོད་ཚད་ལུང་དང་རྟོགས་པའི་བདག་ཉིད་ཅན་གྱི་ཁོངས་སུ་གཏོགས་པས། ལུང་གི་བསྟན་པ་ཡང་ཐེག་པ་གསུམ་གྱི་ནང་དུ་འདུས། མདོར་ན། ཐེག་པ་གསུམ་གྱི་བདག་ཉིད་ཅན་གྱི་བསྟན་པའི་རྗེས་སུ་སྙེགས་ནས་རང་རང་གི་ལུང་རིགས་ཀྱིས་གྲུབ་མཐའ་སྨྲ་བ་བཞི་སྟེ། བྱེ་བྲག་སྨྲ་བ། མདོ་སྡེ་བ། སེམས་ཙམ་པ། དབུ་མ་བ་བཅས་སོ། །དེ་དག་གི་ལྟ་གྲུབ་གཙོ་བོ་མདོར་ཙམ་གླེང་ན།
༡༽ བྱེ་བྲག་སྨྲ་བ་ནི་རང་རིགས་ཐ་སྙད་དུའང་ཁས་མི་ལེན་པའི་ཐེག་དམན་གྱི་གྲུབ་མཐའ་སྨྲ་བ་ཞིག་ཡིན་ལ། བྱེ་བྲག་སྨྲ་བའི་ལྟ་གྲུབ་གཙོ་བོ་ནི། དུས་གསུམ་རྫས་ཀྱི་བྱེ་བྲག་ཏུ་སྨྲ་བའམ་རང་ཉིད་རྟོགས་པའི་རང་རིག་ཁས་མི་ལེན་པ་དང༌། ཕྱི་རོལ་གྱི་ཡུལ་དང་ནང་གི་གྲུབ་མཐའ་གཉིས་ངོ་བོ་སོ་སོ་ཡིན་པར་འདོད་པ
དང༌། ཤེས་བྱ་ཐམས་ཅད་ནང་གི་རྟོག་པས་བཏགས་པ་ཙམ་མིན་པར་རང་རང་གི་ངོ་བོ་ཡོད་པའི་བདེན་པར་གྲུབ་པར་འདོད་དོ།།
༢༽ མདོ་སྡེ་བ་ནི་ཕྱི་དོན་དང་རང་རིག་གཉིས་ཀ་བདེན་ཞེན་གྱིས་ཁས་ལེན་པའི་ཐེག་དམན་གྱི་གྲུབ་མཐའ་སྨྲ་བ་ཞིག་ཡིན་ལ། ཆོས་ཐམས་ཅད་དཔེའི་སྒོ་ནས་སྟོན་པས་དཔེ་སྟོན་པ་ཞེས་ཀྱང་བརྗོད། མདོ་སྡེ་བའི་ལྟ་གྲུབ་གཙོ་བོ་ནི། རང་ཉིད་རྟོགས་པའི་རང་རིག་ཁས་ལེན་པ་དང༌། ཕྱི་རོལ་གྱི་ཡུལ་དང་ནང་གི་ཤེས་པ་གཉིས་ངོ་བོ་སོ་སོར་ཡོད་པར་འདོད་པ་དང༌། ༡ཤེས་བྱ་ཐམས་ཅད་བདེན་པར་གྲུབ་པ་དང་དོན་དམ་པར་གྲུབ་པ། དེ་ཁོ་ན་ཉིད་དུ་གྲུབ་པ། རང་གི་མཚན་ཉིན་ཀྱིས་གྲུབ་པ། རང་བཞིན་གྱི་གྲུབ་པ། ངོ་བོ་ཉིད་ཀྱིས་གྲུབ་པ། རྫས་སུ་གྲུབ་པ་བཅས་ཡོད་པར་ཁས་ལེན་པའོ།།
༣༽ སེམས་ཙམ་པ་ནི་སློབ་དཔོན་འཕགས་པ་ཐོགས་མེད་ཀྱིས་སྲོལ་འབྱེད་པའི་ཕྱི་དོན་མེད་པའི་བདེན་གྲུབ་ཁས་ལེན་པའི་ཐེག་ཆེན་གྱི་གྲུབ་མཐའ་སྨྲ་བ་ཞིག་ཡིན་ལ། སེམས་ཙམ་པའི་ལྟ་གྲུབ་གཙོ་བོ་ནི། ཆོས་ཐམས་ཅད་སེམས་ཀྱི་བདག་ཉིད་ཙམ་ལས་གཞན་པའི་ཕྱི་རོལ་གྱི་དོན་ཅུང་ཟད་གྲུབ་པ་མེད་ཀྱང་གཟུགས་སོགས་སེམས་ལ་སྣང་བ་ནི་རྨི་ལམ་གྱི་སྣང་བ་དང༌། སྐྲ་ཤད་འཇིག་སྣང༌། ཟླ་བ་གཉིས་སྣང་ལྟར་སེམས་སྣང་འབའ་ཞིག་ཡིན་པ་དང༌། གཞན་ཡང་ལས་ཀྱི་དབང་གིས་ཆུ་ཕོར་གང་ལ་ལྷ་ལ་བདུད་རྩི་དང༌། མི་ལ་ཆུ། ཡི་དྭགས་ལ་རྣག་ཁྲག་ཚ་དམྱལ་བས་ཁྲོ་ཆུར་མཐོང་བ་སོགས་རིགས་དྲུག་གི་སྣང་བ་བཞིན་ཐམས་ཅད་སེམས་ཀྱི་སྣང་བ་ཙམ་ལས་གཞན་པའི་ཕྱི་རོལ་དོན་གྱིས་མ་གྲུབ་པར་འདོད་དོ།།
༤༽ དབུ་མ་བ་ནི་འཕགས་པ་ཀླུ་སྒྲུབ་ཀྱིས་སྲོལ་འབྱེད་པའི་བདེན་གྲུབ་ཀྱི་ཆོས་རྡུལ་ཙམ་ཡང་མེད་པར་ཁས་ལེན་པའི་ཐེག་ཆེན་གྱི་གྲུབ་མཐའ་སྨྲ་བ་ཞིག་ཡིན་ལ། རྟག་ཆད་ཀྱི་མཐའ་གཉིས་དང་བྲལ་བའི་དབུས་
ཁས་ལེན་པས་དབུ་བ་ཞེས་ཀྱང་བརྗོད། རྟག་ཆད་ཀྱི་མཐའ་གཉིས་དང་བྲལ་བའི་དབུས་ནི། ཤེས་བྱ་རྣམསབདེན་
༡།མི་རིགས་དཔེ་སྐྲུན་ཁང་གིས་༢༠༠༤ ལོར་པར་དུ་བསྐྲུན་པའི་མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ཀྱི་གསུང་འབུམ། གྲུབ་མཐའི་སྐོར་གྱི་རྣམ་བཤད་ཀྱི་ཤོག་ངོས་༣༣༠ ལ་གསལ།
པར་གྲུབ་པ་ནི་རྟག་མཐའ་ཡིན་ལ། དེ་ལྟར་ཁས་བླངས་ན་རྟག་མཐའ་ལ་ལྷུང་བ་དང༌། ཤེས་བྱ་རྣམས་བདེན་པར་མེད་ན་མེད་དགོས་པ་ནི་ཆད་མཐའ་ཡིན་ལ། དེ་ལྟར་ཁས་བླངས་ན་མཐའ་ལ་ལྷུང་བ་ཡིན། མཐའ་དེ་གཉིས་དང་བྲལ་བའི་དབུས་ཀྱི་ཤེས་བྱ་རྣམས་བདེན་པར་མེད་ཀྱང་ཡོད་པར་ཁས་ལེན་པའི་གྲུབ་མཐའ་ནི་དབུ་མ་བའི་གྲུབ་མཐའ་ཡིན་ནོ།།

མཇུག་གི་གཏམ་གླེང་བ།
གོང་གི་བཞེད་དགོངས་དེ་དག་གི་མཐིལ་ལ་ད་དུང་བརྟག་ནས་དཔྱད་པའི་གནས་མང་ཡང༌། དེ་དག་གི་ཐད་ལ་ཡིན་མིན་གྱི་དགག་སྒྲུབ་ཁ་ཚོན་གཅོད་པའི་བདེན་སྟོབས་ཀྱིས་ཕོངས་ལ་འོས་ཀྱང་མ་མཆིས། སྤྱིར་ཐུབ་བསྟན་གྱི་རིག་གནས་འདི་སྔ་མོ་ནས་དར་བ་དང་འཇིག་པ། སླར་སོས་པ་སོགས་ཀྱི་ལེའུ་མང་པོ་ཞིག་རྫོགས་པ་ཀུན་ལ་རྩོད་མེད་ལགས། དེ་བས་ཀྱང་གྲུབ་མཐའ་སྨྲ་བ་བཞིའི་ཐད་ལ་གླེང་སློང་ད་དུང་མང་མོད། འོན་ཀྱང༌། ཁོ་བས་དེའི་སྐོར་ལ་ཁྲུན་ཐག་གཙང་མར་ཆོད་པའི་བདེན་ཚིག་ཅིག་དེ་བས་ཀྱང་བཤད་དཀའོ།། མདོར་ན་ཚིག་དང་དོན་གྱི་སྙིགས་རོ་སྤངས་ཡོད་པས། དགེ་བའི་བཤེས་གཉེན་མཆོག་གིས་ཐུགས་དགོངས་ཞིབ་མོའི་བདག་ལ་ཁ་ཕྱོགས་གསལ་བོ་ཞིག་སྟོན་རོགས་གནང་ཞུ་བ་ལགས།

ཟུར་ལྟའི་ཀློག་དེབ་ཁག་གི་མཚན་བྱང༌།
༡ གྲུབ་མཐའ་ཐུབ་བསྟན་ལྷུན་པོའི་མཛེས་རྒྱན། ལྕང་སྐྱ་རོལ་བའི་རྡོ་རྗེས་བརྩམས། ༡༩༨༩ལོར་ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན།
༢ གྲུབ་མཐའ་རིན་ཆེན་ཕྲེང་བའི་ཚིག་འགྲེལ་ཐོར་བུ། རྗེ་བཙུན་དཀོན་མཆོག་འཇིགས་མེད་དབང་བོས་བརྩམས། མཁྱེན་རབ་བདང་ཕྱུག་གིས་མཆན་འགྲེལ་བཀོད། ༡༩༩༦ ལོར་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན།
༣ དུང་དཀར་ཚིག་མཛོད་ཆེན་མོ།དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་བརྩམས།༢༠༠༦ ལོར་བོད་གཞུང་ཤེས་རིག་དཔར་ཁང་ནས་པར་དུ་བསྐྲུན།
༤ མཁས་པའི་བགྲོ་གླེང་ཆེད་རྩོམ་ཕྱོགས་བསྒྲིགས། རམ་འབྱམས་པ་བློ་བཟང་བསོད་ནམས་ཀྱི་གྲུབ་མཐའི་རྣམ་གཞག་དང་དེའི་གལ་གནད། ས་རྭ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གིས་པར་དུ་བསྐྲུན།
༥ གྲུབ་མཐའི་སྐོར་གྱི་རྣམ་བཤད། དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་བརྩམས།༢༠༠༤ ལོར་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན།
༦ ཐུའུ་བཀྭན་གྲུབ་མཐའ། ཐུའུ་བཀན་ཆོས་ཀྱི་ཉི་མས་མཛད། ཝཱར་ཎ་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གིས་པར་དུ་བསྐྲུན།

No comments:

Post a Comment