ཨ་མའི་ཉིན་ཐོ་ལས་རྙེད་པའི་བརྩེ་བ།
ཁྲི་ཆུ་བཟང་རྒྱ་མཚོས་བསྒྱུར།
ཁྱིམ་ཚང་ག་གེ་མོ་ཞིག་གི་ནང་དུ་མིང་ལ་སྒྲད་ཝེ་ཟེར་བའི་བྱིས་པ་ཞིག་སྐྱེས་པར་བརྟེན། བུ་ཆུང་དེའི་ཨ་མ་ཧ་ཅང་དགའ་ཚོར་བྱུང༌། ཉིན་ཞིག་མོས་བུ་ཆུང་གཉིད་ཁུག་ཏུ་བཅུག་ནས་ལྡུམ་ར་ནང་དུ་ལས་ཀ་སྒྲུབ་པར་ཕྱིན། མོ་རང་ལྡུམ་ར་དེ་རུ་གནས་སྐབས། མོའི་ཁང་པ་མེ་ཡིས་འཚིག་བཞིན་པ་མཐོང་ནས། རང་ཉིད་ཀྱི་བུ་ཕྲུག་སྐྱོབ་ཆེད་གང་མགྱོགས་ཀྱིས་ཁྱིམ་དུ་རྒྱུགས་སྐབས། ས་དེ་གའི་མི་མང་གིས་ཁོ་མོ་བཀག་ཀྱང་མ་ཁོག་པར་ཁྱིམ་དུ་ཕྱིན་ནས་རང་ཉིད་ཀྱི་བུ་ཕྲུག་དེ་སྐྱོབ་ཐུབ་པ་བྱུང༌། སྟབས་མ་ལེགས་པ་ཞིག་ལ། མོ་རང་ཕྱི་ལོགས་སུ་ཐོན་སྐབས། མོའི་སྐྲ་ཚིག་པ་དང་ལུས་ཡོངས་སུ་མེ་མཆེད་བཞིན་འདུག
མེས་ཚིག་ཟིན་པའི་གདོང་གི་རྨ་ཁ་དང་མཉམ་དུ་འཚོ་སྡོད་བྱས་པར་བརྟེན། མོའི་མི་ཚེ་ལྷག་མ་རྣམས་ཧ་ཅང་གི་སྡུག་བསྔལ་ཞིག་རེད། བུ་ཆུང་དེ་འཚར་ལོངས་བྱུང་བ་དང་འབྱོར་ལྡན་ཅན་ཞིག་ཏུ་གྱུར་ནས་གྲོང་གསེབ་དུ་གནས་སྤོར་ཡང༌། དོན་དངོས་སུ་ཨ་མའི་གདོང་གི་རྨ་ཁས་ཁོ་རང་ངོ་གནོང་དགོས་བྱུང༌། མི་མང་པོས་ཁོ་ལ་སྐད་ཆ་འདྲི་སྐབས། ཁོས་འདི་ལྟར་བཤད་བཞིན་ཡོད་དེ། ང་ཚོའི་ཁྱིམ་ཚང་དུ་ངའི་ཨ་མ་ལྟ་བུའི་མདོག་ངན་པ་ཞིག་གང་ཡང་མེད་ཅེས་བཤད།
ཉིན་ཞིག་བུ་ཆུང་གིས་རང་ཉིད་ཀྱི་ཨ་མ་ནི་ཆེས་མདོག་ངན་པ་ཞིག་ཡིན་ཚུལ་མི་མང་ལ་གླེང་བཞིན་པ་དེ་ཨ་མས་མིའི་གཞན་གྱི་ཁ་བརྡའི་ཞོར་དུ་ཐོས་པས་ཧ་ཅང་བློ་ཕམ་བྱུང༌། ཨ་མས་རང་ཉིད་དེ་འདྲའི་མདོག་ངན་ཅན་ཞིག་ཡིན་པའི་རྒྱབ་ལྗོངས་དང་རང་ཉིད་ལ་ཅི་ཞིག་བྱུང་བའི་ཐད་འགྲེལ་བར་གྲོང་གསེབ་དུ་རླུང་འཁོར་ལ་བསྡད་ནས་འགྲོ་སྐབས། སྟབས་མ་ལེགས་པ་ཞིག་ལ། མོ་རང་བསྡད་ཡོད་པའི་རླུང་འཁོར་བརྡབ་སྐྱོན་བྱུང་ནས་མོ་རང་དེ་གར་ཚེ་ལས་འདས།
བུ་ཆུང་གིས་གནས་ཚུལ་དེ་ཐོས་པ་དང་ཡིད་སེམས་བདེ་བོ་བྱུང༌། དེ་ནས་ཁོ་རང་གྲོང་གསེབ་དུ་ཕྱིན་པ་ན་དེ་གའི་མི་རྣམས་སྐྱོ་སྡུག་གིས་ཁེངས་ཡོད་པ་མཐོང༌། མི་ཚོགས་བརྒྱུད་དེ་ཐད་ཀར་ཨ་མའི་ཁྱིམ་དུ་ཕྱིན་ནས་ཡིག་ཆ་གལ་ཆེན་འགའ་སྔོག་བཤེར་བྱས། དེ་ནས་ཨ་མའི་ཉིན་ཐོ་རྙིང་པ་ཞིག་རྙེད་པས་ཁོ་རང་ཧོན་འཐོར་དུ་བཅུགས། ཨ་མའི་ཉིན་ཐོ་དེར་’’ཕྱི་ལོ་༡༩༨༠ལོའི་ཟླ་བ་༩ཚེས་༥ཉིན་ང་ལ་”ཁྲོ་རམ་མཛངས་མའི་འགྲན་བསྡུར”གྱི་རྒྱལ་ཁ་ཐོབ། ཕྱི་ལོ་༡༩༨༢་ལོའི་ཟླ་བ་༡་ཚེས་༡༤་ཉིན་ངའི་ཁྱོ་ག་ཚེ་ལས་འདས་དུས་ང་ལ་མངལ་ཆགས་ནས་ཟླ་བ་དྲུག་འགོར། ཕྱི་ལོ་༡༩༨༣་ལོའི་ཟླ་བ་༧་ཚེས་༢་ཉིན་ངས་རང་ཉིད་ཀྱི་བུ་ཕྲུག་སྒྲད་ཝེ་ཡི་སྲོག་བསྐྱབས་པ་དང་ངའི་སྐྲ་ཚིག་པ་དང༌། ངའི་གདོང་ལ་རྨ་ཁ་ལྷག་པ་རེད།’’
སྒྲད་ཝེ་ཡིས་ཨ་མའི་ཐིན་ཐོ་བཀླགས་རྗེས་བློ་ཕམ་བྱུང་བ་དང་ངུ་འགོ་བརྩམས། འོན་ཀྱང༌། ཧ་ཅང་ཕྱིས་དྲགས་པ་རེད།༼གསལ་བྱེད། གོང་གི་གཏམ་རྒྱུད་འདི་ནི་ཁ་ན་ཊ་རྒྱལ་ཁབ་ནང་དུ་དངོས་སུ་བྱུང་མྱོང་བའི་དངོས་ཡོད་ཀྱི་གནས་ཚུལ་ཞིག་རེད་ཅེས་བཀོད་འདུག་མོད། འོན་ཀྱང༌། འབྲི་མཁན་སུ་ཡིན་གསལ་ཁ་མི་འདུག༽

No comments:
Post a Comment