ཤེས་ཡོན་གྱི་གལ་གནད།
རྩོམ་པ་པོ། དགོ་རེ།    ཁྲི་ཆུ་བཟང་རྒྱ་མཚོས་བསྒྱུར།
ཤེས་ཡོན་ནི་མིའི་རིགས་རྒྱུན་གྱི་ལྷན་སྐྱེས་ཤིག་དང་མིའི་རིགས་ཀྱི་བྱ་བཞག་གལ་ཆེན་ཞིག་ཀྱང་ཡིན་པས། མིའི་རིགས་ཇི་སྲིད་འཚོ་བའི་བར་དུ་ཤེས་ཡོན་ནི་དེ་སྲིད་བར་དུ་རྒྱུན་འཁྱོང་བྱེད་ངེས། དེ་བས་ཤེས་ཡོན་གྱི་གལ་གནད་དེ་མདོར་བསྡུས་ནས་བཤད་ན་འདི་ལྟ་སྟེ།


༡༽མིའི་རིགས་ལ་མེད་དུ་མི་རུང་བའི་ཕུལ་བྱུང་གི་ཡོན་ཏན་ཞིག
ཤེས་ཡོན་ནི་མིའི་རིགས་ལ་མེད་དུ་མི་རུང་བའི་ཕུལ་བྱུང་གི་ཡོན་ཏན་ཞིག་རེད། མིའི་རིགས་ནི་ཤེས་ཡོན་ལ་བརྟེན་ནས་མི་རུ་གྱུར་བ་ཡིན་ལ། མིའི་རིགས་ནི་ཤེས་ཡོན་གྱིས་ཅི་ཞིག་བསྐྲུན་པ་དེ་ཡིན་པས། ཤེས་ཡོན་དབེན་པའི་མིའི་རིགས་ནི་བྲན་གཡོག་དང་ཀླ་ཀློ་ཞིག་རེད་ཅེས་གླེང་བཞིན་ཡོད།

༢༽སྤྱི་ཚོགས་ཀྱི་དགོས་མཁོ།
ཤེས་ཡོན་ནི་སྤྱི་ཚོགས་ཀྱི་དགོས་མཁོ་ཅན་ཞིག་ཡིན་པས། མིའི་སྤྱི་ཚོགས་ཁྲོད་དུ་ཤེས་ཡོན་གྱིས་མིའི་རིགས་དུས་དང་བསྟུན་ནས་འཚོ་བ་སྐྱེལ་སྟངས་ལ་ཁ་ཕྱོགས་སྟོན་པ་དང་། མིའི་རིགས་ཀྱི་འཚོ་གནས་ལ་དགོས་མཁོ་སྒྲུབ་ནུས་པས། ཤེས་ཡོན་ནི་མིའི་སྤྱིའི་ཚོགས་ཀྱི་སྙིང་བོ་དེ་རེད་ལ། མིའི་རིགས་ཀྱི་གནས་བབས་མཐོ་ཤོས་ཀྱི་གལ་གནད་དེ་ཡང་མཚོན་པ་རེད།

༣༽ཤེས་ཡོན་གྱི་མཇུག་འབྲས།
ཤེས་ཡོན་གྱི་སྤྱི་ཚོགས་སུ་རིགས་རུས་དང་ཕོ་མོའི་ཁྱད་པར་མེད་པར་ཤེས་ཡོན་ལ་སུ་དང་གང་གིས་ཧུར་བརྩོན་བྱས་ན་ད་གཟོད་གཞན་ལས་ལྷག་པའི་མཇུག་འབྲས་གཡར་དུ་ཟ་བ་ཞིག་ཐོབ་ངེས། དེ་བས། མི་བུ་སྒེར་ཞིག་འདྲ་འདྲའི་ནང་ནས་མི་འདྲ་བར་འབུར་དུ་ཐོན་པ་ནི་ཤེས་ཡོན་གྱི་མཇུག་འབྲས་རེད།

༤༽མི་ཚེའི་དགོས་མཁོ།
ཤེས་ཡོན་གྱིས་མིའི་རིགས་ཇི་ལྟར་འཚོ་བར་བྱེད་ཚུལ་དང་ཅི་ཞིག་གི་ཕྱིར་དུ་འཐད་རྩོད་བྱེད་པར་ཁ་ཕྱོགས་ཀྱང་སྟོན་ངེས། ད་དུང་། མི་ཚེ་ཧྲིལ་བོར་མདུན་སྐྱོད་ཀྱི་སྤོབས་པ་བསྐྱེད་དུ་འཇུག་པ་མ་ཟད། མི་ཚེ་ལ་ཅི་ཞིག་དགོས་མཁོ་ཆེ་ན་ཅི་ཞིག་མཁོ་སྤྲོད་ཐུབ་ངེས།

༥༽ཤེས་ལྡན་པ་ནི་ཁྱད་དུ་འཕགས་པ་ཞིག
ཤེས་ཡོན་ནི་ཁྱད་འཕགས་རང་བཞིན་གྱི་མཚོན་རྟགས་ཤིག་ཡིན་པས། ཨཱ་རེ་སུ་ཊོ་ལིས་གསུང་དོན། གསོན་པ་ནི་འཚོ་བ་ཁོ་ནའི་ཆེད་དུ་མ་རེད་ཅེས་གོ་རྟོགས་སྤེལ་བ་ནི་ཅི་འདྲའི་ཁྱད་དུ་འཕགས་པ་ཞིག་རེད་ཨང་།

༦༽རང་དབང་གི་རྟགས་མཚན།
ཤེས་ཡོན་ནི་རང་དབང་གི་རྟགས་མཚན་ཞིག་རེད། ཤེས་ཡོན་ཁོ་ན་ནི་རང་དབང་རེད་ཅེས་ཨཱ་ཕེ་ཁུ་ཡིས་བསྒྲགས་གཏམ་སྤེལ་མྱོང་།

༧༽གཟི་བརྗིད།
ན་གཞོན་རྣམས་ལ་མཚོན་ན་ཤེས་ཡོན་ནི་གཟི་བརྗིད་ཅིག་དང་རྒད་པོ་རྣམས་ལ་མཚོན་ན་སློབ་གསོ་ཞིག    དབུལ་ཕོངས་རྣམས་ལ་མཚོན་ན་རྒྱུ་ནོར་ཞིག་དང་འབྱོར་ལྡན་རྣམས་ལ་མཚོན་ན་མཛེས་རྒྱན་ཞིག་ཀྱང་རེད་བཅས་སྒྲད་རྗེན་གྱིས་གསུང་མྱོང་།

༨༽བདེ་སྐྱིད་ཀྱི་འཚོ་བའི་གཞི་རྩ།
ཤེས་ཡོན་ནི་མི་ཚེ་སྐྱིད་པོ་རོལ་བར་མེད་དུ་མི་རུང་བའི་གཞི་རྩ་ཞིག་རེད། མིའི་རིགས་དམའ་རིམ་སྲོག་ཆགས་ནས་མཐོ་རིམ་སྲོག་ཆགས་སུ་འཕེལ་འགྱུར་བྱུང་སྐབས། མིིིའི་རིགས་ནི་དཔྱོད་ཤེས་ལྡན་པའི་མི་རུ་གྱུར་བ་རེད། མདོར་ན། ཤེས་ཡོན་ནི་མིའི་སྤྱི་ཚོགས་ཡོངས་དང་ནམ་ཡང་བྲལ་མི་རུང་བ་ཞིག་རེད། དེར་བརྟེན། ཨཱད་སྒྲེ་སིན་གྱིས་ཡིག་གཟུགས་ནི་རྡོ་ཀ་མ་རུ་པ་ཡིན་ན། ཤེས་ཡོན་ནི་རྣམ་ཤེས་ལྟ་བུ་རེད་བཅས་གསུངའོ།།

1 comment:

  1. ལེགས་པོ་རང་བསྒྱུར་འདུག་་་་་་རྗེས་སུ་ཡི་རང་བྱེད། ན་བུན་ཟེར་བ་ཞིག་གིས་བཀླགས་པའི་བརྡ་རུ།

    ReplyDelete